-
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ།
བྱིས་དུས་ཀྱི་མཚན་ལ་ཆོས་འཕེལ་བཏགས།
དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་སྦྱངས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། -
གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་ལས་དབུ་མ་དང་། སྤྱོད་ཕྱོགས། སྔགས་རྙིང་མ་སོགས་སྦྱངས།
པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་། སཾསྐྲྀ་ཏའི་སྐད་ལ་བསླབས། -
དགུང་ལོ་སོ་བརྒྱད་པར་ཕྱི་ལོ་ ༡༠༤༢ ལོར་ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས།
ཇོ་བོ་རྗེ་ཉིན་གཉིས་གསུམ་ནས་མ་འགྱངས་པར་རྒྱ་གར་དུ་ཕྱིར་ཕེབས་གནང་ཉེའི་དུས་སུ་པུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་གི་ནང་དུ་མཇལ། -
དགུང་ལོ་ང་བཞི་པ་རབ་བྱུང་དང་པོའི་མེ་བྱ་ཕྱི་ལོ་ ༡༠༥༧ ལོར་འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ།
-
དགུང་ལོ་རེ་གཅིག་པ་རབ་བྱུང་དང་པོའི་ཤིང་འབྲུག་ཕྱི་ལོ་ ༡༠༦༤ ལོར་རྭ་སྒྲེང་དུ་སྐུ་གཤེགས།
གསུང་རྩོམ་ནི་མི་ཆོས་གནད་ཀྱི་ཕྲེང་བ་ལྟ་བུ་བསླབ་བྱའི་སྐོར་དང་། ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ལྟ་བུ་བསྟོད་ཚོགས་ཀྱི་སྐོར་དང་། ས་དཔྱད་དང་རྣམ་ཐར། ལོ་རྒྱུས་དང་བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོར་བཞུགས། བརྒྱད་སྟོང་པ་དང་། བརྒྱད་སྟོང་འགྲེལ་ཆེན། འགྲེལ་ཆུང་། ཉི་ཁྲི་སྣང་བ་ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད།